ས་གཤིས་རིག་པ།

གནས་བོའི་ས་གཤིས་རིག་པ།
ས་གཞིའི་ཆགས་བཀོད་ཀྱི་རྣམ་བཞག་ལ་དངོས་དོན་གྱི་བློ་རིག་མ་སད་པའི་གནས་བོའི་མི་རྣམས་ཀྱིས། རང་བྱུང་ཁམས་ཀྱི་འཕོ་འགྱུར་དང་འགུལ་བསྐྱོད་ཀྱི་ནུས་ཤུགས། འཇིག་རྟེན་བྱེད་པོ་ཞིག་དང་ལྷ་དང་ལྷ་མོའི་རྫུ་འཕྲུལ་དུ་བལྟས་ཏེ། ཐུན་མོང་གི་སྣང་ཚུལ་ལས་འདས་པའི་འགྲེལ་བཤད་སྣ་ཚོགས་ཞུས་ཡོད། ས་ཁམས་རིག་པའི་ལོ་རྒྱུས་ལྟར་ན། གནའ་བོའི་རྒུ་རིག་པ་དག་ནི་གནས་ལུགས་དང་རྒྱུ་མཚན་ལ་བརྟེན་ནས་སའི་གོ་ལའི་ཆགས་འཇིག་རང་བཞིན་འགྲེལ་བཤད་གནང་མཁན་ཐོག་མའི་རིགས་ཡིན་པར་བཤད་ཅིང་། གནའ་མི་དག་གིས་ས་གཞི་དང་། རྒྱ་མཚོ། ནམ་མཁའ་བཅས་སྤྲེལ་མཚམས་ལ་རྒྱང་བལྟ་བརྒྱུད། སའི་གོ་ལ་དེ་ལེབ་ལེབ་ཅིག་ཡིན་པ་དང་། ཉི་ཟླ་གཟའ་སྐར་སོགས་བར་སྣང་གི་ཕུང་བོ་རྣམས། སའི་གོ་ལར་སྐོར་བ་རྒྱག་བཞིན་ཡོད་པར་ཡིད་ཆེས་གནང་ཞིང་འགྲེལ་བཤད་མཛད། གནའ་ཆོས་ཀྱི་ཤན་ཐེབས་པའི་གདོད་མའི་སྤྱི་ཚོགས་ཀྱི་རིག་གཞུང་ཕལ་ཆེར་གྱི་ནང་། སའི་གོ་ལ་ཇི་ལྟར་བྱུང་མིན་གྱི་སྐོར་ལ་ངོ་མཚར་བའི་ལྟ་ཚུལ་སྣ་ཚོགས་ཤིག་འདུག་པ་དག་ལས་ཆེ་ལོང་ཙམ་ཞུས་ན། གནའ་སྔ་མོའི་ཨེ་ལྗེབ་ཀྱི་མི་རྣམས་ཀྱིས། ཉི་ལྷ་ར་(Raཞེས་པ་དང་ས་ལྷGeb)ཞེས་པ་གཉིས་ཞལ་སོ་སོར་གྱེས་པ་ལས། ཉི་ལྷ་ས་གཞིའི་ལྟེ་བ་ལས་ཡར་བཞེངས་ཏེ་ཕྱག་གིས་ནམ་མཁའི་ལྷ་མོ་ནོས་བཏེགས་པ་ལས། གནམ་ས་ཞལ་གྱེས་པ་དང་དེའང་ས་གཞི་ངོས་ལེབ་ལེབ་དབྱིབས་གྲུབ་བཞི། གྲུ་ག་གསུམ་ལྡན་གྱི་ནམ་མཁའི་འོག་ན་ཡོད་པ་དང་། ཁྲེ་ནོ་གྲི་ཞེས་པ་དང་ཤོ་ཞེས་པ་གཉིས་ས་སྒང་སྐེད་ཐིག་ཏུ་གྱུར་བར་འདོད་ལ། ས་གཡོ་འབྱུང་འཁྲུགས། མེ་རི་གས་འཐོར། གློག་འཁྱུགས་འབྲུག་གྲགས་པ་སོགས་ནི། ལྷ་ཚོགས་དེ་དག་ཁྲོས་པའི་རྣམ་འགྱུར་དུ་འདོད། དེ་བཞིན་གནའ་བོའི་རྒྱ་གར་དག་གིས་ཀྱང་། ས་གཞི་འདི་ཉིད་གླང་བོ་ཆེན་པོ་བཞིའི་རྒྱབ་ཏུ་བརྟེན་ཡོད་པ་དང་། གླང་ཆེན་རྣམས་ཀྱང་རུས་བལ་ཆེན་པོ་ཞིག་གིས་བཏེགས་ནས་ཡོད་པ། རུས་བལ་ཡང་དུག་སྦྲུལ་གདེངས་ཀ་ཅན་ཞིག་ལ་བརྟེན་པ། སེམས་ཅན་དེ་དག་འགུལ་བསྐྱོད་སྐབས། ས་གཞིའང་གཡོ་འགུལ་བྱེད་ཀྱིན་ཡོད་སྟབས། ས་འགུལ་གྱི་འཇིག་པ་སོགས་བྱུང་བར་འདོད།
རྒྱ་ནག་སྲོལ་རྒྱུན་གྱི་ལྷ་སྒྲུང་ཕེན་ཀོས་ལྟར་ན། ཡ་ཐོག་དང་བོར་གནམ་ས་གཉིས་ཆ་སོ་སོར་འབྱེད་དུ་མེད་པར་མུན་པའི་གོང་བུ་སྒོ་ང་ལྟ་བུ་ཞིག་ཡིན་ཞིང་། གཞི་མ་དེའི་འགལ་ཟླ་དོ་མཉམ་པ་ན། ལོ་གཅིག་ཁྲི་བརྒྱད་སྟོང་བར་སྒོ་ང་དེའི་ནང་གཉིད་དུ་ཡུར་བའི་མི་ཕེན་ཀོས་ཞེས་པ་གཉིད་ལས་སད། དབུགས་སུབ་ཐེབས་པ་ལྟ་བུའི་སྣང་བ་བྱུང་ནས། སྟ་རེ་ཆེན་པོ་ཞིག་ཡོད་པ་ལག་པར་ཕྱར་ཏེ། སྒོ་ང་དེ་ཚལ་བར་བཏང་བས་དཀར་ཆ་རིམ་པས་རྒྱ་ཇེ་ཆེར་ཕྱིན་ནས་མཐིང་མདོག་གི་ནམ་མཁར་གྱུར། ༼ཡང༽ནག་ཆ་འདམ་རྙོག་ཅན་གྱི་རྫས་རིགས་ག་ལེར་མར་ཟག་པས་ས་གཞིར་གྱུར། ༼ཡན༽ཕེན་ཀོས་དེ་གཉིས་ཀྱི་བར་ནས་ཡར་འགྲེངས་པས། རྐང་བ་ས་ལ་བརྟན་པོར་ཚུགས་ཤིང་། མགོ་བོས་གནམ་ལ་རེག དུས་དེ་ནས་བཟུང་གནམ་ས་གཉིས་ཉིན་རེར་ཕི་ཁྲུ་བཅུ་རེ་ཇེ་ཆེར་སོང་བ་དང་ཆབས་ཅིག ཕེན་ཀོས་ཀྱང་དེ་དང་མཉམ་པོར་ཇེ་ཆེར་འགྲོ་ཞོར་ལོ་གཅིག་ཁྲི་བརྒྱད་སྟོང་འདས་པ་ན། གནམ་ཇེ་མཐོ་དང་ས་ཇེ་འཐུག་ཏུ་ཕྱིན་ནས། གནམ་སའི་བར་མ་ལེ་ས་ཡ་དགུས་རྒྱང་ཕྱེས། ཕེན་ཀོས་ནི་ཀ་ཆེན་ཞིག་དང་འདྲ་བར་གནམ་སའི་བར་འགྲེངས་པས། གནམ་ས་ནམ་ཡང་མཇལ་མི་ཐུབ་པའི་བཀར་ཤིང་དུ་གྱུར། ཁོང་སྐུ་གཤེགས་རྗེས་ཁོང་གི་གཟུགས་པོའི་ཆ་ཤས་རྣམས། འཇིག་རྟེན་ཁམས་ཀྱི་ཆ་ཤས་རེ་རེ་གྱུར་ནས་ད་ལྟའི་འཇིག་རྟེན་འདི་བྱུང་བ་ཞིག་ཡིན་པར་འདོད། དེ་ལྟར་ན་ཕེན་ཀོས་དེ་བཞིན་ཡང་ཡན་ཏེ་གནམ་ས་གཉིས་ཀྱི་བུ་རྒྱུད་ཡིན་ཟེར་དགོས་པ་འདྲའོ།། དེ་བཞིན་རྒྱ་རིགས་ཀྲང་ཧན (Chang Heng a.d 78-139)ཟེར་བས། ས་འགུལ་བརྟག་ཆས་ཤིག་གསར་གཏོད་བྱས་ནས། མི་རྣམས་ས་གཡོའི་འཇིགས་པ་ལས་སྐྱོབ་པའི་ཐབས་ལམ་བཙལ་བའི་ལོ་རྒྱུས་བྱུང་ཡོད། འཛམ་གླིང་ཤེས་རིག་འཕེལ་རིམ་གྱི་ལོ་རྒྱུས་ལྟར་ན། གདོད་མའི་རྒུ་རིག་གི་ཡར་ཐོན་སྤྱི་ཚོགས་དེ། ས་གཤིས་རིག་པ། ཚན་རྩིས་རིག་པ། གནམ་རིག་སོགས་ཤེས་བྱ་མང་བོའི་ཐད། སྙན་གྲགས་ཆེ་ཤོས་ཀྱི་བསམ་བློའི་ཤེས་རིག་གི་འབྱུང་ཁུངས་ཤིག་རེད། སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་ནང་། ནུབ་ཕྱོགས་ན་མཚན་ཉིད་པ་ཞེས་པའི་མིང་ཐོག་མར་ཐོགས་ས་རྒུ་རིག་པ་ཐ་ལེ་སི(Thales)མཆོག་གིས།
སའི་གོ་ལའི་འཕོ་འགྱུར་ལྷའི་རྫུ་འཕྲུལ་ལས་བྱུང་བ་ཞིག་མ་ཡིན་པར་ས་གཞིའི་འབྱུང་ཁམས་ཀྱི་ནུས་ཤུགས་འཕེལ་འགྲིབ་ལས་བྱུང་བ་ཞིག་ཡིན་པ་དང་། བྱེ་མ་ཁུར་བའི་ཆུ་ཀླུང་ཆེ་ཆུང་ལས་སའི་གོ་ལའི་བཀོད་དབྱིབས་ཀྱི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། རྗེས་ཤུལ་འགྱུར་རྡོ་རྣམས་བསྐལ་བ་ཡ་ཐོག་གི་སྲོག་ཆགས་སོགས། དུས་ཡུན་རིང་བོ་བརྒྱུད་མཐར་རྡོ་རུ་གྱུར་པ་ཞིག་ཡིན་པའི་དགོངས་འཆར་བཏོན་ཅིང་། ལྟ་བ་འདིས་གདོད་མའི་རྒུ་རིག་ཚོ་རྫུ་འཕྲུལ་གྱི་ས་གཞི་ལས། དངོས་ཁམས་ཀྱི་ས་གཞི་དངོས་ལ་བསམ་གཞིག་དང་། སྐུལ་འདེད་ཀྱི་སྣེ་ཁྲིད་བྱས་ཡོད། སྤྱི་ལོ་སྔོན་གྱི་ལོ༥༦༩ནས༤༧༥བར་རྒུ་རིག་གི་མཚན་ཉིད་པ།
ཕིས་ཏ་སྒོ་ར་སི(Pythagoras)མཆོག་གིས། མཚོ་ངོགས་ཀྱི་གྲུ་ས་གནམ་སྤྲེལ་མཚམས་ལྟ་བུའི་རྒྱང་རིང་ནས་རིམ་པར་མི་སྣང་བར་འགྱུར་བ་དང་། འགྲུལ་བཞུད་པ་དག་གི་གཏམ་གསར་ལས་རྒྱང་ཐག་རིང་བོའི་ལྷོ་བྱང་གི་ས་མཐའ་དག་ནས། སྔར་མཐོང་མ་མྱོང་བའི་སྐར་མ་མང་བོ་མཁའ་དབྱིངས་ན་མཐོང་རྒྱུ་ཡོད་སྟབས། སའི་གོ་ལ་ནི་འཇིག་རྟེན་གྱི་ལྟེ་བ་དབྱིབས་ཟླུམ་པོ་ཡིན་པས། ཉི་ཟླ་དང་གཟའ་སྐར་སོགས་མཁའ་དབྱིངས་ཀྱི་དངོས་པོ་ཚང་མས། སའི་གོ་ལར་སྐོར་བ་རྒྱག་བཞིན་ཡོད་པའི་བསམ་ཚུལ་བཏོན་པས། རྒུ་རིག་པ་ཚོ་ས་གཞི་ཟླུམ་པོའི་ལྟ་ཚུལ་འདོན་མཁན་ཐོག་མ་དེ་ཡིན་ཞེས་ཀྱང་བཤད། དེ་ནས་ལོ༢༠༠ལྷག་གི་རྗེས་རྒུ་རིག་གི་མཁས་ཆེན་ཨ་རེ་སི་ཁྲོ་ཁྲལ
(Aristotle 384-322 b.c.)མཆོག་གིས་ཉི་འཛིན་དང་ཟླ་འཛིན་སྐབས། ཉི་ཟླའི་གྲིབ་མ་གོར་གོར་གྱིས་ཟླ་ཉིའི་གདོང་བ་གུག་གུག་བཟོས་པའི་གྲིབ་གཟུགས་མཐོང་བར་གཞི་བཅོལ་ནས། ས་གཞི་འདི་བྲག་རྡོ་རིལ་བོ་ལས་གྲུབ་པ། དབྱིབས་ཟླུམ་པོ་ཞིག་ཡིན་པ་ལས་ལེབ་ལེབ་ཅིག་མ་ཡིན་པ་དང་། དེའང་མིོ་ལོ་སྟོང་ཕྲག་མང་བོ་བརྒྱུད་རྗེས་གཞི་ནས་ད་ལྟའི་སའི་གོ་ལ་འདིའི་བཀོད་དབྱིབས་གྲུབ་པ་དང་། ས་གཞིའི་ནང་ལོགས་ཀྱི་མེ་ཤུགས་དང་རླུང་ཤུགས་འཕེལ་སྟོབས་ལས། ས་གཞིའི་འཇིག་པ་བྱུང་བ་ཞིག་ཡིན་ཚུལ་གསལ་བཤད་གནང་འདུག དེ་ལྟ་ནའང་མཁས་པ་དེ་གཉིས་ཀ་སའི་གོ་ལ་འཇིག་རྟེན་གྱི་ལྟེ་བར་འདོད་པའི་གྲུབ་མཐའ་སྨྲ་བ་རེད། དེ་བཞིན་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་སྐབས་སུ་མཚན་ཉིད་པ་ཨ་རེ་སི་ཁྲལ་ཆོས(Aristarchus of Samos 310-230 b.c.)མཆོག་གིས།
ཉི་ཟླ་གཟའ་སྐར་གྱི་འགུལ་བསྐྱོད། གོ་ལ་རང་ཉིད་ཀྱི་རང་འཁོར་དང་སྤྱི་འཁོར་སྐབས། ཚངས་ཐིག་ལྷོ་བྱང་བརྩི་སྟངས་ལ་བརྟེན་ནས་ངོས་འཛིན་འགྲེལ་བཤད་རྒྱག་ཐུབ་པའི་ལྟ་ཚུལ་བཏོན་པ་མ་ཟད། སའི་གོ་ལ་འདི་འཇིག་རྟེན་གྱི་ལྟེ་བ་ཞིག་མ་ཡིན་པར་ཉི་མའི་མཐའ་སྐོར་ན་འཁོར་བཞིན་པའི་གོ་ལ་ཞིག་ཡིན་པར་ནན་བཤད་གནང་མོད། ལྟ་ཚུལ་དེ་བཞིན་ཁོང་འདས་རྗེས་ཀྱི་མི་ལོ་གཅིག་སྟོང་ལྷག་གི་རྗེས་སུ་མ་གཏོགས་ངོས་ལེན་བྱེད་ཐུབ་མཁན་བྱུང་མེད་པར་གྲགས། དེ་བཞིན་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ཡས་མས་ཤིག་ཏུ། གནས་བོའི་རྒུ་རིག་གི་མངའ་འོག་ཏུ་ཚུད་པའི་ཨེ་ལྗེབ་ཀྱི་ཨེ་ལེག་ཟན་སྒྲི་རི་ཡ་ནི། སྔ་མོའི་ཡོ་རོབ་སྤྱི་ཚོགས་ཀྱི་ཤེས་རིག་སྐྱེ་འཕེལ་གྱི་ས་གནས་གལ་ཆེན་ཞིག་ཡིན་ལ། ཡུལ་དེའི་དཔེ་མཛོད་ཁང་ཆེན་མོའི་གནས་འཛིན། གནམ་རིག་མཁས་ཆེན་ཨེ་ར་ཀྲོ་སི་ཐན(Eratosthenes 276-194 b.c.)མཆོག་གིས།
དབྱར་དཀྱིལ་ཉིན་གུང་ཞིག་ཏུ་ཨེ་ལེག་ཟན་སྒྲི་རི་ཡའི་གྲོང་ཁྱེར་གྱི་ས་གནས་སོ་སོ་སྟེང་། ཉི་འོད་ཕོག་སྟངས་མི་འདྲ་བར་གསར་དུ་ཤེས་རྟོགས་བྱུང་ཞིང་། གལ་སྲིད་ས་གཞི་འདི་ལེབ་ལེབ་ཅིག་ཡིན་པ་བདེན་ན། ཅིའི་ཕྱིར་ཉི་ཟེར་ཕོག་སྟངས་མི་འདྲ་བར་བྱུང་བའི་གནས་ཚུལ་དེར་བསམ་གཞིག་བྱས། གྲོགས་པོ་ཞིག་དང་མཉམ་དུ་ཨེ་ལེག་ཟན་སྒྲར་ནས་སེན་ཞེས་པའི་ས་གནས་བར་དུ་ས་ཚད་བརྒྱབ་པས། ས་ཁུལ་དེ་དག་གི་བར་དུ་མ་ལེ༥༠༠ཀེ་ལོ་མེ་ཏྲར༨༠༠ཡོད་པ་ཤེས། ཚད་ཐིག་དེ་དང་ཁོང་གི་ས་ཁམས་ལྟ་སྟངས་གཉིས་ལྟོ་སྦྱར་ནས། སའི་གོ་ལའི་མུ་ཁྱུད་བརྩིས་པས་མ་ལེ༢༥༠༠༠་དང་། ཀེ་ལོ་མེ་ཏྲར་གྱི་དབང་དུ་བཏང་ན་༤༠༠༠༠་ཡོད་པར་ཧ་གོ དུས་ཕྱིས་ས་ཁམས་པ་དག་གིས་གཏན་འབེབས་བྱས་པ་ལྟར་ན། མ་ལེ༢༤༨༧༠ཀེ་ལོ་མེ་ཏྲར༤༠༠༢༤་ཡོད་པ་གསལ་བོར་ར་འཕྲོད་པས། ཁོང་གི་ཚད་ཐིག་དེ་བཞིན་ཕལ་ཆེར་འགྲིགས་འདུག་ཅེས་ངོ་མཚར་ཆེན་པོར་འཛིན།
Login to view the code.
དྲྭ་བ་འདིར་ཕེབས་མཁན་རྣམས་ལ་
གུས་ཞབས་ཆེན་པོའི་ཐོག་ནས་ཞུ་རྒྱུར།
ཟིན་བྲིས་དང་མཆན་འདེབས་མཁན་
སུ་ཡིན་རུང་རང་མི་རིགས་ཀྱི་རིག་
གནས་ལ་དགོངས་ནས་ཡི་གེ་
དག་པོ་དང་ཡ་རབ་བཟང་སྤྱོད་བཅས་
ལ་གལ་ཆེན་དུ་བརྩི་གནང་རོགས།