རྐང་དྲུག་བུང་བའི་ཚོགས་ཀྱིས་རོ་མངར་རྩི་བཅུད་ཟས་ལ་འཁོར་བ་ལྟར།

དྲྭ་གྲོགས་ཀུན་གྱིས་འདྲེན་བྱེད་དབང་པོས་མི་ཡུལ་ལྷ་མོ་འདིར་གཟིགས་དང།

བུང་བ་ལྟར་ནག་གནག་སྣུམ་ལན་བུར་རིན་ཆེན་སྣ་ལྔས་མཛེས་པར་རྒྱན།

མཐོན་མཐིང་རལ་པ་ཕྲག་ཏུ་ཕབ་ལ་ཁད་དེར་ལྷག་རླུང་དལ་བུར་གཡོ།

ཉ་གང་རྒྱས་འདྲ་ཁྱེད་ཀྱི་ཞལ་རས་ཅུང་ཟད་འཛུམ་པའི་ཉམས་ལྡན་ལ།

དབྱེས་པོ་ཆེ་བའི་དཔྲལ་བར་སྨིན་མ་ལེགས་སྟུག་འཇའ་ལྟར་འཁྱོག་པོར་མཛེས།

སྤྱན་དཀྱུས་རིང་ལ་མཐིང་ནག་རྫི་མ་གནམ་སར་གཏད་པའི་འབྱེད་མཚམས་ན།

གློག་འོད་འཁྱུག་འདྲའི་སྤྱན་ཟུང་ཟེར་མདས་འདོད་ལྡན་འབུམ་ཕྲག་གྲོགས་སུ་བཀུག

Surprised

དབྱིབས་གཟུགས་ལེགས་པའི་ཁྱེད་ཀྱི་ཤངས་ནི་ཅུང་ཟད་གཟིངས་མཐོ་ཡིད་དུ་འོང་།

བྱུ་རུའི་མདངས་ལྡན་མཆུ་སྒྲོས་མཛེས་པའི་ཞལ་ནི་ཕྱེད་འཛུམ་མགྲིན་པ་ནས།

དྲི་ཟའི་དབྱངས་ལྟར་གསུང་སྐད་སྙན་པོས་དབྱིན་བོད་ཧིན་གསུམ་ཤུར་ཤུར་སྨྲ།

རིན་ཆེན་ཨ་ལོང་གཡས་གཡོན་སྙན་གྱི་བུག་པར་འཆངས་ཏེ་ལྡམ་ལྡེམ་གཡོ།

Surprised

སྐུ་སྟོད་སྒེག་ལ་ཉམས་ལྡན་འདོད་མོའི་དརགོས་ལྷབ་ལྷུབ་འཕྱངས་འོག་ན།

ཟག་མེད་བདེ་བའི་གཏེར་ཆེན་ནུ་འབུར་རབ་རྒྱས་བྲང་གི་དཀྱིལ་འཁོར་མཛེས།

ལྟེ་བ་གཡས་འཁྱིལ་སྐེད་མེད་མ་ཁྱེད་ཕྲ་སྦོམ་གསུམ་གྱི་འཁྱུག་རྩལ་ལྡན།

རོ་སྨད་སྟུག་ཅིང་གསུམ་འཁྱོག་མ་ཁྱེད་འདོད་པའི་སྒྱུར་རྩལ་ངོམ་སྐབས་སུ།

Surprised

ལང་ཚོ་ཕྲ་ཞིང་འདོད་ཡོན་སྨྱོས་ཆུས་དཀར་ལ་དམར་བའི་མདངས་གཟུགས་དང།

ལྡེམ་ལྡེམ་འཁྱུག་པའི་ལུས་ཀྱི་ཉམས་འགྱུར་འཇོ་སྒེག་གར་གྱི་སྟངས་སྟབས་ཀྱིས།

སུན་རྩེན་མདུན་སར་འཆི་མེད་བུ་མོ་སྟོང་གི་ཡིད་ལ་སྡང་ཟུག་སྦྱིན།

ཚངས་སྤྱོད་རྣམས་ལའང་རེ་ཞིག་སྡོམ་སེམས་ངེས་འབྱུང་ལམ་གྱི་བང་ཁ་བཀག།

Surprisedའདོད་པས་གདུང་བའི་གཞོན་ནུ་འབུམ་གྱིས་སེམས་པའི་འཕྲུལ་ཞགས་ཁྱེད་ལ་འཕེན།

བཞིན་བཟང་བུ་མོ་སྟོང་དག་གིས་ཀྱང་ཁྱེད་དྲུང་བྲན་མོར་གོ་སྐབས་དབེན།

ཁྱེད་ནི་མ་དག་འཇིག་རྟེན་ཁམས་ཀྱི་དག་པའི་ལེགས་བྲིས་མ་གཅིག་མ།

དེ་ནི་ད་ལོའི་རྡ་རམ་ས་ལའི་མཐོ་སྒང་བོད་ཀྱི་མཛངས་མ་མཚོན།

Surprised

ཅེས་རང་རེའི་སྤུན་གྲོགས་མང་པོས་བོད་ཀྱི་མཛངས་མའི་སྟོད་པ་འདི་འདྲ་ཞིག་དགོས་ཅེས་

ལྷ་དར་ཨ་ཤེ་དང་སྐུལ་མ་ཡང་ཡང་བཅས་བྱུང་བར་བརྟེན་༢༠༡༠ཟླ༡༡ཚེས་༡༩ཉིན་བྲིས།