བསིལ་ལྡན་འཛིན་མའི་ལྟོ་བ་ལས་འཁྲུངས་དམ་པའི་སྐྱེས་མཆོག་རང་ཆོས་ཤིག

མ་སྐུལ་རྟེན་འབྲེལ་ལས་སྨོན་མཐུ་ལས་འཁོར་བར་ཡིད་ལོག་ངང་གི་སྐྱེས།།
ལུང་རྟོགས་ཆོས་ལ་མི་ཕྱེད་དད་པས་ཤཀྱའི་བསྟན་ལ་རབ་ཏུ་བྱུང།

བསླབ་པ་ཐོས་བསམ་ལས་ལ་བརྩོན་ཕྱིར་དབུས་གཙང་ཆོས་ཀྱི་གདན་སར་བྱོན།།

 འཕགས་པའི་ཡུལ་གྱི་ནྭ་ལེནྜ་དང་གཉིས་མེད་དཔལ་ལྡན་འབྲས་སྤུངས་ཞེས།། ས་གསུམ་འདི་ན་ཉི་ལྟར་གྲགས་པའི་མཁས་གྲུབ་བྱེ་བའི་འབྱུང་གནས་དེར།། ཆོས་སྒོར་ཞུགས་ཏེ་དམ་པའི་བཤེས་གཉེན་ཞབས་རྡུལ་སྤྱི་བོའི་གཙུག་ཏུ་བཀུར།། ལྔ་རིག་རྒྱ་མཚོ་ཧུབ་ཀྱིས་བཏུང་ཀྱང་ངོམས་མེད་ཚེ་གང་སྒྲུབ་ལ་སྦྱངས།། གཞུང་ཆེན་རི་བོ་ཁམས་ཀྱིས་ཟས་ཀྱང་འགྲངས་མེད་གཞུང་དོན་འབྱེད་ལ་བརྩོན།།

 དཀོན་མཆོག་རྣམ་གསུམ་སྤྱི་བོའི་གཙུག་ཏུ་ངེས་པ་བརྟན་པོས་སྐྱབས་སུ་འཛིན།། སྡེ་སྣོད་གསུམ་གྱི་ཐོས་བསམ་སྒྲོན་མེས་མ་རིག་སྨག་ཆེན་མུན་པ་སེལ།། བསླབ་པ་གསུམ་གྱི་ཉམས་ལེན་གནད་ཀྱིས་ངེས་ལེགས་འབྲས་བུ་གཡུར་དུ་ཟ།། འཁོརལོ་གསུམ་གྱི་བྱ་བའི་དུས་ལས་སྐད་ཅིག་ཙམ་ཡང་འདའ་མེད་ཁྱེད།། 

མཁས་བཙུན་བཟང་གསུམ་ཡོན་ཏན་འཛིན་ལ་འགྲོ་བའི་མིག་དཔེར་ཁྱེད་མིན་སུ།།

གཞི་གསུམ་ཆོ་ག་ཐུགས་མཐིལ་འཛིན་ཏེ་བསྟན་པའི་མེ་རོ་རྨང་ནས་གསོས།།

གདན་ས་གསུམ་གྱི་མཁས་པའི་ཡང་རྩེ་ལྷ་ལྡན་རམས་འབྱམས་སྨྲ་བ་ཁྱེད།།

ཡབ་སྲས་གསུམ་གྱི་རྣམ་ཐར་སྐྱོངས་ལ་འཇམ་དབྱངས་ཆོས་རྗེ་གཉིས་པ་ཞིག །

སྲིད་པ་གསུམ་ན་གསེར་ཞུན་ཁྱེར་ནས་བརྩལ་ཀྱང་ཁྱེད་མིན་སུ་ཞིག་རྙེད།།

 

ཁམས་གསུམ་འགྲོ་མགོན་འཇམ་དབྱངས་ཆོས་རྗེའི་གསེར་ཁྲི་སྟེང་གི་ཉི་མ་ཁྱེད།།

རྒྱུད་པ་གསུམ་གྱི་གདམས་པའི་ཆུ་རྒྱུན་ཐུགས་རྒྱུད་བུམ་པ་གང་བྱོལ་མནོས།།

ཕྱི་ནང་གསང་གསུམ་ཡོན་ཏན་མཛོད་ལ་མངའ་བརྙེས་ཁྲི་ཆེན་བསྟན་པ་མཆོག།།

ཆོས་གོས་རྣམ་གསུམ་སྐུ་ལུས་བགོས་པའི་འདུལ་འཛིན་ཀུན་གྱི་གཙུག་ནོར་ཏེ།།

 

ཐེག་པ་གསུམ་གྱི་སྡེ་སྣོད་འཛིན་ལ་དྲང་སྲོང་ཆེན་པའི་བཀའ་བཞིན་སྒྲུབ།།

རྒྱལ་བའི་སྐུ་གསུམ་དོན་དུ་གཉེར་བའི་གཞན་ཕན་བྱང་ཆུབ་སེམས་མཆོག་དང།།

དུག་གསུམ་ཉོན་མོངས་དྲུངས་ནས་བཅད་པའི་འཁྲུལ་མེད་ལྟ་བར་བསྐྱེད་མཁས་ཁྱེད།།

གསང་བདེ་འཇིག་གསུམ་ཟུང་དུ་འབྲེལ་བའི་བླ་མེད་རྒྱུད་སྡེའི་རྒྱ་མཚོ་ནས།།

 

ལམ་ཁྱེར་གསུམ་གྱི་གནད་ལ་ཕྱུག་པའི་རིག་འཛིན་ཀུན་གྱི་དབང་པོ་མཆོག །

རྩ་རླུང་ཐེག་གསུམ་གནད་དུ་བསྣུན་པའི་རིམ་གཉིས་ལམ་ལ་དབང་འབྱོར་བ།།

དུས་གསུམ་རྒྱལ་བའི་དགོངས་པ་གཅིག་པུ་འགྲོ་ཀུན་བདེ་བའི་དེད་དཔོན་ཁྱེད།།

ཚིག་གསུམ་མཚན་ནས་བརྗོད་པར་དཀའ་བ་རྗེ་བཙུན་བསྟན་པ་བསྟན་འཛིན་མཆོག །

 རྩ་གསུམ་ལྷ་ལ་གདུངས་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་བཏབ་པའི་མཐུས།། སྒོ་གསུམ་གུས་པའི་སློབ་བུ་ཚོགས་ཀྱི་མགོན་སྐྱབས་འབྲས་སྤུངས་ཁྲི་ཆེན་ཁྱེད།། སྐུ་གསུང་ཐུགས་གསུམ་ཡང་སྤྲུལ་ཟླ་གཞོན་བསྟན་འགྲོའི་དོན་དུ་མྱུར་ཕེབས་ཤོག། འདུ་ཤེས་གསུམ་པ་འཇམ་དབྱངས་ནོར་བུས་འགོག་མེད་ངག་ནས་འདི་སྐད་ཐལ།།


ཅེས་བསྟན་འཛིན་ཡར་འཕེལ་ནས་འབྲས་སྤུངས་ཁྲི་ཆེན་སྐུ་གཤེགས་རྗེ་བཙུན་
བསྟན་པ་བསྟན་འཛིན་མཆོག་ལ་སྟོད་པ་འདི་འདྲ་ཞིག་དགོས་ཅེས་སྐུལ་མ་བྱུང་བར་བརྟེན་གུས་ནས་བྲིས།།