དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མའི་རྟོགས་བརྗོད།།
གང་གི་སྐུ་ལ་ལྷམ་མེ་ལྷན་ནེ་ལྷང་ངེར་གསོལ་བའི་ཆོས་གོས་གསུམ།།
ལྷབ་ལྷུབ་འཆང་སྟེ་མུ་མེད་འགྲོ་ལ་དྲང་སྲོང་ཆེན་པོའི་སྣང་བ་སྦྱིན།།
དམར་སེར་ངུར་སྨྲིག་གོས་ཀྱིས་བགོས་པའི་གྲངས་མེད་འབུམ་ཕྲག་ཚོགས་ཀྱིས་བསྐོར།།
ཐུབ་པའི་གཙོ་འཁོར་གངས་རིའི་ལྗོངས་སུ་ལན་གཅིག་སླར་ཡང་བྱོན་དང་མཚུངས།།
རྩེ་མོ་ཕྲ་ལ་ཁོག་ཡངས་ཆེ་བའི་པཎ་ཞྭ་སེར་པོ་དབུ་ལ་མཛེས།།
ཞྭ་སེར་འཆང་བའི་བསྟན་འཛིན་ཀུན་ནས་གསེར་རིའི་དབུས་ན་ལྷུན་པོ་བཞིན།།
བཅུ་ཕྲག་བཅུ་པའི་འཇམ་མགོན་བླ་མའི་གསེར་ཁྲི་སྟེང་གི་ཉི་མ་ཁྱེད།།
རྒྱ་མཚོའི་གོས་ཅན་གང་དུ་གཤེགས་ན་ཞབས་རྡུལ་རེ་ཡང་འགྲོ་བའི་རྟེན།།
ཁྱེད་ཀྱི་ཞལ་ནས་རྟེན་འབྱུང་སྟོང་དང་ཟབ་གསལ་གཉིས་མེད་ལྷང་ལྷང་སྒྲོགས།།
གྲངས་མེད་འགྲོ་ལ་ཚངས་པའི་དབྱངས་ཀྱིས་བདེན་བཞི་རང་དབང་འདོམ་པར་མཛད།།
རྒྱན་དྲུག་མཆོག་གཉིས་གཞུང་དོན་འབྱེད་ལ་ཡབ་རྗེ་ཉིད་དང་གཉིས་མེད་ཁྱེད།།
གང་ཐུགས་མཁའ་དབྱིངས་དག་པའི་ངོས་ན་ཇི་ལྟ་ཇི་སྙེད་ཉི་ཟླ་གསལ།།
རྟོག་གེ་བ་ཡི་རྒོལ་བ་དག་གིས་ལན་བརྒྱར་བརྒལ་ཡང་ཁྱེད་ཀྱི་དམ་བཅའ་རྡོར་རྗེ་བྲག།།
བྱང་ཆུབ་ཕྱོགས་ཀྱི་སོ་བདུན་ནས་བཟུང་མ་འདྲེས་ཆོས་ནི་བཅོ་བརྒྱད་བར།།
ཐུགས་ལ་མངའ་ཞིང་རྒྱུད་སྡེ་རྒྱ་མཚོའི་ཕ་མཐར་སོན་ཏེ་རིམ་གཉིས་ཀྱི།།
རྣལ་འབྱོར་ལ་ནི་འོད་གསལ་སྒྱུར་ལུས་ཟུང་འཇུག་ཁ་སྦྱོར་བདུན་ལ་རེག།།
གང་གི་སྐུ་ལུས་རྟག་འཛིན་ཅན་ངོར་ཆོས་ཀྱི་དབྱིངས་སུ་བསྡུས་སྐབས་སུའང།།
བཅུ་ཕྲག་གཉིས་རིང་ཆོས་སྐུ་རྡོར་རྗེ་འོད་གསལ་དབྱིངས་སུ་ཐུགས་དམ་བཞུགས།།
ཆོས་བྱེད་པ་རྣམས་ཡིད་ཆེས་རྙེད་དེ་འགོག་མེད་མིག་ཆུ་ལྷུང་ལྷུང་འབེབས།།
ནང་པའི་ཆོས་ཀྱི་མཐོང་ཆོས་འབྲས་བུ་གོ་ལའི་ཁྱོན་འདིར་ལྷང་ལྷང་བསྒྲགས།།
དངོས་གཙོ་སྨྲ་བའི་རིག་གསར་བ་རྣམས་རེ་ཞིག་མགོ་བོ་རྨོངས་སུ་འཇུག།།
གངས་ཅན་མགོན་པོས་གསུང་གིས་བསྐུལ་ཏེ་སྐུ་གདུང་འགྲོ་བའི་མཆོད་རྟེན་གྱུར།།
དོན་གྱི་སླད་དུ་མཚན་ནས་རྨོས་ན་རྗེ་བཙུན་བློ་བཟང་ཉི་མ་ལགས།
དམ་པ་དེ་ལ་རྟོགས་བརྗོད་མེད་ན་གངས་ལྗོངས་སྨྱུག་འཛིན་མང་ནའང་ཅི།།
འདི་གུས་ལྷ་རམས་པ་འཇམ་ནོར་གྱིས་རང་གི་དགེ་བའི་བཤེས་གྱི་བཀའ་དྲིན་དྲན་སྐབས་
རང་སྣང་གང་ཤར་གྱིས་བྲིས་པ་ཡིན་པས་ཁྱེད་རྣམ་པས་ཞུ་དག་དང་དགོངས་ཚུལ་གསུང་རོགས།།
Login to view the code.
དྲྭ་བ་འདིར་ཕེབས་མཁན་རྣམས་ལ་
གུས་ཞབས་ཆེན་པོའི་ཐོག་ནས་ཞུ་རྒྱུར།
ཟིན་བྲིས་དང་མཆན་འདེབས་མཁན་
སུ་ཡིན་རུང་རང་མི་རིགས་ཀྱི་རིག་
གནས་ལ་དགོངས་ནས་ཡི་གེ་
དག་པོ་དང་ཡ་རབ་བཟང་སྤྱོད་བཅས་
ལ་གལ་ཆེན་དུ་བརྩི་གནང་རོགས།