མཁས་དབང་བྱང་སེམས་ཟླ་བ
Posted by Jamyang Norbu on Wednesday, August 1, 2012
འཛམ་གླིང་འདིར་ས་ཡོམ་ཇི་ལྟར་བྱུང་བ་ཡིན་ནམ། ས་ཡོམ་ནི་འགྲོ་བ་མི་ཡི་རིགས་ལ་གོད་ཆག་ཆེ་ཤོས་བཟོ་མཁན་ཞིག་རེད། རང་བྱུང་གི་གནོད་འཚེ་རླུང་འཚུབ་དང་མེ་སྐྱོན། དེ་བཞིན་རྒྱ་མཚོ་འཁྲུགས་པ་སོགས་འབྱུང་བའི་གནོད་པ་གཞན་རྣམས་ནི་ཡུལ་ཉི་ཚེ་བ་ཁོ་ནར་ངེས་མོད། ས་ཡོམ་ནི་མཐོ་རི་བོའི་རྩེ་ནས་དམའ་རྒྱ་མཚོའི་གཏིང་དུ་ཡང་ཡོང་གི་ཡོད་ཅིང་། དེ་ཡང་འབྱུང་བའི་གནོད་པ་གཞན་ལྟར་སྔོན་བརྡ་གཏོང་ལོང་དང་། བྱ་ལོང་བྱེད་ལོང་མེད་པར་གློ་བུར་དུ་རི་བོ་འགུལ་ཞིང་ཁང་པ་འགྱེལ་ནས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད། དེས་ན། དེ་རིང་ཡུལ་ཤུལ་ས་ཡོམ་ལ་དྲན་གསོ་བྱེད་པའི་ཉིན་མོ་འདིར། ས་ཡོམ་ནི་རྩ་བའི་རང་བྱུང་གི་གནོད་པ་ཞིག་ཡིན་ཀྱང་། དེའི་རྐྱེན་རྩ་མང་པོ་ཞིག་མི་ཡིས་བཟོ་བཞིན་ཡོད་པར་ཤེས་པའི་ཆེད་དུ་དེ་སྔོན་བྲིས་པ་ཞིག་བསྐྱར་འགོད་བྱེད་རྒྱུ་ཡིན། གོ་ལ་ཆེན་པོ་འདི་ལ་ས་ཤུན་རིམ་པ་མང་པོ་བཙོང་གི་པགས་པ་ལྟར་ཡོད་པ་དང༌། རིམ་པ་ཁ་ཤས་ལྕགས་ལྟར་མཁྲེགས་པའི་རྡོ་ལེབ་ཡིན་ཅིང༌། རྡོ་ལེབ་དེ་དག་ལ་ཆེ་ཆུང་ཅི་རིགས་ཡོད་པ་ནས་ཆེ་བ་ཁ་ཤས་ནི་ཨེ་ཤ་ཡའི་གླིང་ཆེན་དང་མཚུངས་ཤིང་། རྡོ་གཡམ་དེ་དག་གི་མཐའ་སྣེ་ཁག་ནི་ས་ཡོམ་གྱི་ཉེན་ཁ་ཆེ་བའི་ཁུལ་ཡིན་པ་རེད། དེའི་སྐོར་པར་རིས་འདི་ལ་གཟིགས། གང་ན་དམར་ཐིག་མང་བ་ཡོད་པ་དེར་ས་ཡོམ་གྱི་ཉེན་ཁ་ཆེ་བ་ཡོད་པ་མཚོན་པ་ཡིན་ལ། ཐིག་རིས་ནག་པོ་ཕྲ་མོ་ཞིག་གིས་བཅད་ཡོད་པ་ནི་རྡོ་གཡམ་ཆེན་པོ་དེ་དག་ཇི་ལྟར་གནས་པ་དེ་མཚོན་པ་ཡིན། ས་ཁྲ་དེ་ལ་བལྟས་པ་ཡིན་ན། བོད་ལྷོ་ཕྱོགས་ཧི་མ་ལའི་རྒྱུད་དེ་ས་ཡོམ་ཀྱི་ཉེན་ཁ་ཆེ་བའི་ཁུལ་ཡིན་པ་ལས། བོད་བྱང་རྒྱུད་རྣམས་ས་ཡོམ་གྱི་ཉེན་ཁའི་ཁོངས་སུ་ཚུད་མེད་ཀྱང༌། ལོ་ཤས་ནས་བཟུང་བོད་བྱང་རྒྱུད་དུ་ས་ཡོམ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད། དེར་བརྟེན་ས་ཡོམ་དེ་དག་ཡོང་དགོས་པའི་རྒྱུ་མཚན་སྐོར་སླར་ཡང་བསམ་གཞིགས་བྱེད་དགོས་པ་བྱུང་ལ། དེ་ཡང་ལྷ་འདྲེ་གདོན་བགེགས་གྱི་གནོད་པ་སོགས་རྟོག་པ་འཆར་ཡན་གྱི་ལྟ་ཚུལ་མ་ཡིན་པར། དེང་གི་ཚན་རིག་དང་མཐུན་པའི་ལྟ་ཚུལ་ཁག་ཅིག་གཤམ་དུ་རོབ་ཙམ་བཤད་པ་བརྒྱུད། ས་གཤིས་ཐད་ཀྱི་མཁས་དབང་རྣམས་པས་བཀའ་སློབ་གནང་རོགས། པར་རིས་དེར་གསལ་བའི་རྡོ་གཡམ་ཆེན་པོ་དེ་ཚོའི་སྟེང་དུ་ཡང༌། དེ་ལས་ཆུང་བའི་རྡོ་གཡམ་དང་། དེ་མིན་བྲག་རྡོ་ཆེ་ཆུང་སྣ་ཚོགས་ཤིག་ཡོད་ཅིང་། རྡོ་གཡམ་ཆུང་བ་དེ་དག་གི་སྟེང་དུ་ཡང་ས་གཤིས་འདྲ་མིན་གྱི་ས་ཤུན་རིམ་པ་མང་པོ་ཡོད་ལ། དེའི་སྟེང་ན་རི་དང་ཐང་། མཚོ་དང་མཚེའུ། གཙང་པོ་དང་རྒྱུག་ཆུ་སྣ་ཚོགས་ཡོད་པ་ནས། མི་དང་དུད་འགྲོ་སོགས་གནས་པའི་མིག་སྔའི་བཀོད་པ་འདི་ཆགས་ཡོད། དེ་དང་འདྲ་བར་རྡོ་གཡམ་དེ་དག་གི་འོག་ངོས་ཀྱི་བར་གསེང་རྣམས་སུ་ཡང་ས་རྡོ་འདྲ་མིན(གསེར་དངུལ་ཟངས་ལྕགས་རྡོ་སོལ་སོགས་ཚུད་ཡོད)དང༌། ས་སྣུམ་དང་རྡོ་སྣུམ་དང་འཁྱིལ་ཆུ་དང་རྒྱུག་ཆུ་རིགས་མང་པོ་ཡོད་པ་རེད། གཞི་རིམ་གྱི་གནས་སྟངས་དེ་ཤེས་པར་བྱས་རྗེས། ད་དཔེ་ཡི་སྒོ་ནས་བརྡ་སྤྲད་ན། གལ་སྲིད་བྲག་རྡོ་ཆེ་ཆུང་པོ་ཏཱ་ལ་ལྟ་བུ་ཞིག་གིས་སྟེང་རྡོ་གཡམ་ལྷ་སའི་རྒྱ་ཁྱོན་ཙམ་ཞིག་ཡོད་པ་ཡིན་ན། རྡོ་གཡམ་དེ་བྲག་རྡོ་དེའི་སྟེང་སྡོད་པར་བྲག་རྡོ་དེའི་གཡས་གཡོན་གྱི་ས་སོགས་ལ་བརྟེན་ནས་གནས་ཡོད་པ་དང༌། དེ་དག་གི་བར་ན་ཆུ་ཡི་རྒྱུག་ལམ་དང༌ཚ་དྲོད་ཀྱི་དབུགས་རླངས་སྦུབ་ཐུམ་ཐེབས་པ་ལས་བྱུང་བའི་བར་སྟོང་ངམ་བྲག་ཕུག་ཆེན་པོ་དེ་འདྲ་ཡོད་ཅིང༌། གལ་ཏེ་རྡོ་གཡམ་དེ་བྲག་རྡོ་དེར་ཟུར་གཅིག་ཁེལ་ཡོད་པ་དང༌། ཕྱོགས་གཞན་པ་དེ་ས་ལ་བརྟེན་ཡོད་པ་མ་ཟད། ས་གཤིས་དེའང་ཁོག་སྟོང་ཕུག་པ་ཅན་ཡིན་པའམ། ཡང་ན་ས་འོག་གི་ཆུ་ཡི་རྒྱུག་ལམ་ཁེལ་ནས་ཡོད་པ་ཡིན་ན། ཆུ་ཡིས་ས་འབྲུབ་པ་ལས་རྡོ་གཡམ་ཀྱི་ལྕི་ཚད་མ་ཁྱོག་པར་ཕྱོགས་ཅིག་མར་ལྷུང་བ་དང་ཕྱོགས་གཞན་པ་དེ་ཡར་འཕགས་པར་ངེས་ལ། སྐབས་དེར་ཕྱོགས་གཉིས་ཆར་ལ་འགུལ་སྤྱོད་ཐེབས་ངེས་ཀྱང༌། གཙོ་བོར་རྡོ་གཡམ་གྱི་ཟུར་ཡར་འཕགས་པའི་ཕྱོགས་དེར་ས་ཡོམ་གྱི་ལྟེ་བ་གྱུར་པར་སྙམ། གོང་དུ་བཤད་པ་ལྟར་འོག་ནས་ཆུ་ཡིས་ས་འདྲུབ་པ་གཅིག་པུ་མ་ཡིན་པར་ད་དུང་རྒྱུ་རྐྱེན་མང་པོ་ཡོད་དེ། གལ་ཏེ་དེ་འདྲའི་རྡོ་གཡམ་ཞིག་གི་ཕྱོགས་ཅིག་གི་འོག་གཞི་ས་གཤིས་བརྟན་པོ་ཞིག་མེད་པར་ཁོག་སྟོང་ཅན་བྲག་སྐྱིབས་ལྟར་བརྐྱངས་ནས་ཡོད་པའམ། ཡང་ན་ཕུག་པ་མང་པོ་ཅན་དེ་འདྲ་ཡིན་ཚེ། དེའི་ཐད་ཀྱི་སྟེང་དུ་ཆུ་མཛོད་ཆེན་པོ་ཞིག་བརྒྱབ་པ་ཡིན་ན། དེའི་ལྗིད་ཚད་མ་ཐེག་པར་མར་དིབ་སྲིད་པ་དང་། སྐབས་དེར་རྡོ་གཡམ་མར་དིབ་པ་དང་ཡར་འཕར་བ་གཅིག་པུ་མ་ཡིན་པར། དེས་ཚ་དྲོད་དང་དབུགས་རླངས་གསོག་པའི་ཕུག་པར་གནོན་གཙིར་ཐེབས་ཏེ་བརྡོལ་བ་ལས་ཀྱང་ས་ཡོམ་ཐོན་གྱི་ཡོད། འདི་ནི་དཔེར་མཚོན་ཙམ་ཡིན་གྱི། ས་གཤིས་མི་འདྲ་བའི་བང་རིམ་ནང་གཙོ་བོར་ས་རྡོ་ཆུ་གསུམ་གྱི་འགུལ་སྤྱོད་ལས་ས་ཡོམ་འབྱུང་བར་ཐག་ཆོད་པ་ལས། ས་ཡོམ་ཚང་མ་རྡོ་གཡམ་པ་རང་ལ་བརྟེན་ནས་ཡོང་དགོས་པའི་ངེས་པ་མེད་ཅིང༌། རྡོ་གཡམ་གྱི་ཕྱོགས་གཅིག་མར་ཟག་ན་ཟུར་གཅིག་ཡར་འཕགས་པའི་ངེས་པ་ཡང་མེད་པར། ཕྱོགས་ཅིག་རང་ཧྲུལ་ཆག་གིས་མར་ཟག་པ་དེ་འདྲ་ཡང་ཡོད་སྲིད་པ་དང་། དེ་བཞིན་ས་འོག་གི་བྲག་རྡོ་ཆེན་པོ་དེ་འདྲ་ནུར་འགྲོས་བྱེད་པ་ལ་བརྟེན་ནས་ས་ཡོམ་བྱུང་བ་ཡང་ཡོད་ཅིང༌། དེ་མིན་ས་འོག་ན་དྲོད་ཚད་དབུགས་རླངས་སྦུབ་ཐུམ་ཐེབས་པ་ཚད་ལས་བརྒལ་ནས་འབར་གད་བྱུང་བ་ལས་ས་ཡོམ་འབྱུང་བ་སོགས། རྒྱུ་རྐྱེན་མ་འདྲ་བ་ལས་ས་ཡོམ་ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པ་རེད། ས་ཡོམ་ལ་ཕྱི་ནས་མི་ཡིས་བཟོས་པའི་རྐྱེན་རྩ་ཆེན་པོ་གཉིས་ཡོད་པ་སྟེ། གཅིག་ནི་གོང་དུ་བཤད་པ་ལྟར་ས་སྟེང་དུ་ཆུ་ཕོན་ཆེར་བཀག་བསྐྱིལ་གསོག་འཇོག་བྱེད་པ་ལས། ས་ཤུན་བར་ན་ཡོད་པའི་ཕུག་པ་དེ་ཚོ་དིབ་ནས་ས་ཡོམ་ཡོང་གིན་ཡོད་པ་དང༌། གཉིས་པ་དེ་ནི་གཏེར་ཁ་གཞི་རྒྱ་ཆེན་པོ་དང་ཡུན་རིང་སྔོག་འདོན་བྱེད་པ་ལས་ཡོང་གིན་ཡོད་པ་དེ་རེད། གཏེར་ཁ་སྔོག་པ་ལས་ས་ཡོམ་ཇི་ལྟར་ཡོང་གི་ཡོད་དམ་ཞེ་ན། གོང་དུ་བཤད་པ་ལྟར་ས་འོག་གི་བྲག་རྡོ་ཆེན་པོ་དེ་ཚོ་འགུལ་སྐྱོད་ཐེབས་པ་ལས་ས་སྟེང་ན་ས་ཡོམ་བྱུང་བ་ཡིན་ཅིང༌། བྲག་རྡོ་ཆེན་པོ་དེ་ཚོ་འགུལ་སྐྱོད་ཐེབས་དགོས་པའི་རྒྱུ་མཚན་ནི། གོང་དུ་བཤད་པ་ལྟར་ས་འོག་གི་ཆུ་ཡིས་ས་བཤང་པ་དང༌བྲག་ཕུག་ཆེན་པོ་དེ་འདྲ་དིབ་པ་ལས་བྱུང་བ་ཡིན་ལ། གཏེར་ཁ་ཡུན་རིང་སྔོག་པ་དང༌། ལྷག་པར་བྲག་རྡོ་དེ་འདྲ་བཤག་བཏུབ་བྱེད་སྐབས་འཕྲུལ་ཆས་དང་མཉམ་དུ་ཆུ་མང་པོ་བེད་སྤྱོད་གཏོང་དགོས་པས། ཆུ་དེ་དག་ས་འོག་ཏུ་རྒྱུགས་ནས་རྡོ་གཡམ་ཕན་ཚུན་བར་གྱི་ས་རྣམས་བཤང་པ་ལས་ས་འོག་གི་བྲག་རྡོ་ཆེན་པོ་དེ་ཚོ་ནུར་འགྲོས་བྱེད་འགྲོ་བ་ཡིན་ལ། ལྷག་པར་གསེར་གྱི་གཏེར་ཁ་སྔོག་པ་ལ་ཆུ་མང་པོ་བེད་སྤྱོད་གཏོང་དགོས་པས་ཉེན་ཁ་གཞན་ལས་ཆེ་བ་ཡོད་པ་རེད། སྤྱིར་བཏང་ས་འོག་ལ་ཆུ་མང་པོ་སྔར་ནས་ཡོད་པ་མ་ཡིན་ནམ་ཞེ་ན་བདེན་མོད། དཔེར་ན། ས་སྟེང་དུ་ཡང་སྔར་ནས་འབབ་བཞིན་པའི་ཆུ་བོ་ཞིག་དང༌། གློ་བུར་དུ་རྡོལ་བའི་ཆུ་བོ་གཉིས་པོ་བསྡུར་བ་ཡིན་ན། ས་ངོས་སུ་གནོད་ཚབས་བཟོ་ཆེ་ཆུང་གི་ཧེ་བག་ཆེན་པོ་ཡོད་པ་ལྟར། སྔ་ནས་ཡོད་པའི་ས་འོག་གི་ཆུ་དེ་དག་གིས་རྐྱེན་རྩ་བྱས་ཏེ་གནའ་ནས་ད་ལྟའི་བར་ས་འགུལ་ཐེབས་པ་གྲངས་ཀྱིས་མི་ཆོད་ཀྱང༌། ད་སྐབས་ཕལ་ཆེ་བ་རང་བཞིན་ལྟར་གྱུར་ཡོད་པས་ཉེན་ཁ་ཆུང་བ་ཡིན། འོན་ཀྱང་གཏེར་སྔོག་ནས་ཆུ་ཡི་རྒྱུག་ལམ་གསར་པ་ཞིག་བཟོས་པ་ཡིན་ན། དེ་ཡིས་རྐྱེན་བྱེད་དེ་ས་ཡོམ་ཡོང་བའི་ཉེན་ཁ་དེ་གཉུག་མའི་ཆུ་དེ་ཚོ་ལས་ཆེ་བ་ཡོད་པ་རེད། ཆུ་ཆུང་ཆུང་ཡིན་ཀྱང་སྣང་ཆུང་གཏན་ནས་བྱེད་རྒྱུ་མེད་དེ། དཔེར་ན། ཁང་པའི་རྩིག་གསེབ་ཏུ་ཆར་གྱི་ཐིགས་པ་སོང་བ་ལས་རྩིག་པ་ལོག་ཅིང་ཁང་པ་ཡང་འགྱེལ་ཡོང་བ་བཞིན་ནོ། དེས་ན། ཆུ་ཐིགས་ཡུན་དུ་ཟག་པ་ལས༎ རྡོ་ལ་ཨི་ཁུང་འབིགས་ལ་ལྟོས༎ ཞེས་པ་ནི་རང་བཞིན་ནམ་དོན་དངོས་བརྗོད་པའི་གཏམ་ཡིན་ལ། ས་འོག་གི་བྲག་རྡོ་ནུར་འགྲོས་བྱེད་པ་ནི་ཚན་རིག་པས་ལྷོ་གླིང་བྱང་ལ་ནུར་བ་དང༌། གླིང་ཆེན་ཕན་ཚུན་གདོང་ཐུག་བརྒྱབ་པ་སོགས་བཤད་པ་ལྟར་རོ། ད་དུང་དཔེ་གཞན་ཞིག་བཤད་ན། ས་སྟེང་གི་ཆུ་བོ་རྣམས་གང་ནས་རྒྱུག་པ་དེར་ཆེ་ཆུང་ལ་མ་ལྟོས་པའི་ལུང་གཤོང་རེ་དོད་ཡོད་ལ། ལུང་གཤོང་དེ་ཚོ་ལྷ་དང་མི་ཡིས་ཆུ་འདྲེན་པའི་ཡུར་བ་བཟོས་པ་ཞིག་མ་ཡིན་པར། ཆུ་མོ་རང་རང་གིས་ས་རྡོ་རི་བྲག་ལ་འཐབ་འཛིན་ཡུན་རིང་བྱས་ནས་གསར་བཏོད་བྱས་པ་ཞིག་ཡིན་པ་བཞིན། ས་འོག་གི་རྒྱུག་ཆུ་རྣམས་ལ་ཡང་དེ་མཚུངས་ཀྱི་ལུང་གཤོང་རེ་ཡོད་པ་དང༌། རྐྱེན་གང་ཞིག་དང་འཕྲད་པ་ན་ཟམ་པ་ལྟར་གནས་པའི་ཐོག་གི་ས་གཤིས་ཀྱི་རིམ་དེ་ཚོ་མར་དིབ་ཡོང་གི་ཡོད་པ་རེད། དེ་དག་གི་མངོན་རྟགས་སུ་ཆུ་མེད་པའི་བྱང་ཐང་དང་བྱེ་ཐང་དེ་འདྲ་ལ་ཡང༌ས་གད་མཐོ་དམའ་སྣ་ཚོགས་ཡོད་པ་དང༌། དེ་མིན་མཚོ་དང་འཚེའུ། ཆུ་གྱེན་འཕྱུར་དང་ཀོང་དོང་སོགས་ངོ་མཚར་བའི་བཀོད་པ་འདྲ་མིན་ཡོང་གི་ཡོད་ཅིང༌། སྤྱིར་བཏང་བྱས་ན་ཇི་ཙམ་གྱི་རི་བོ་དང་སྒང་གཤོང་མང་བ་ཡོད་ས་དེར་ས་ཡོམ་ཡང་མང་བ་ཡོད་པའམ། མ་ཐ་ལ་དེ་སྔོན་ས་ཡོམ་མང་བ་བརྒྱབ་མྱོང་ཡོད་པ་དེ་གསལ་པོ་ཤེས་ཐུབ་ཀྱི་ཡོད་པ་རེད། གཞན་ཡང་ས་འོག་གི་ཕུག་པ་དིབ་པའམ། རྡོལ་ལེབ་དེ་འདྲ་ཟུར་ཅིག་མར་ལྷུང་བ་དང་ཟུར་ཅིག་ཡར་འཕགས་པའམ། ཚ་དྲོད་དང་དབུགས་རླངས་སྦུབ་ཐུམ་ཐེབས་པ་བརྡོལ་ཡོང་བའམ། དེ་མིན་བྲག་རྡོ་ནུར་བ་སོགས་ལས་བྱུང་བའི་ས་ཡོམ་གང་ཞིག་ཡིན་ཀྱང༌། འགུལ་སྐྱོད་ཆེན་པོ་ཞིག་ཐེབས་པ་ན། དེའི་གཡས་གཡོན་ཀྱི་བྲག་རྡོ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་ལ། དེའི་མངོན་རྟགས་སུ། ས་ཡོམ་ཆེན་པོ་ཞིག་བརྒྱབ་པ་ན་དེའི་སྔོན་རྗེས་རྣམས་སུ་ས་ཡོམ་ཆུང་ཆུང་དེ་འདྲ་མང་པོ་ཡོང་གི་ཡོད་པ་རེད། གང་ལྟར་ས་དོང་ནང་དང་རི་ཁོག་ཏུ་ཆུ་མང་པོ་བེད་སྤྱོད་གཏོང་དགོས་པའི་གཏེར་ཁ་སྔོག་པ་དང༌། གཞན་ཡང་སྣུམ་དང་སོལ་རླངས་ཀྱི་གཏེར་མང་པོ་ཞིག་བཏོན་པ་ཡིན་ན་ཡང༌། སྔར་གྱི་སོལ་རླངས་ཀྱི་གོལ་ས་དེ་སྟོང་པ་ཆགས་རྒྱུ་ཡིན་པས། དེའི་ཉེན་ཁ་སོགས་གོང་དུ་བཤད་པ་དང་རིགས་བགྲེ་ནས། ད་དུང་ས་འོག་ན་ཡོད་པའི་ཤིན་ཏུ་ཚ་བའི་དྲོད་ཚད་དེས་ཀྱང་ས་ཡོམ་གྱི་རྐྱེན་རྩ་བྱེད་པ་ཡོད་དེ་བཤད་པར་བྱའོ།
Login to view the code.
དྲྭ་བ་འདིར་ཕེབས་མཁན་རྣམས་ལ་
གུས་ཞབས་ཆེན་པོའི་ཐོག་ནས་ཞུ་རྒྱུར།
ཟིན་བྲིས་དང་མཆན་འདེབས་མཁན་
སུ་ཡིན་རུང་རང་མི་རིགས་ཀྱི་རིག་
གནས་ལ་དགོངས་ནས་ཡི་གེ་
དག་པོ་དང་ཡ་རབ་བཟང་སྤྱོད་བཅས་
ལ་གལ་ཆེན་དུ་བརྩི་གནང་རོགས།