སྤྱི་ལོ་སྔོན་གྱི་ལོ༢༥༠ཡས་མས་ཤིག་གི་ནང་། རྒུ་རིག་རྒྱལ་ཁམས་དེ་བཞིན་རོམ་གྱིས་མངའ་འོག་ཏུ་བཅུགས་ཤིང་། རོམ་གྱིས་རྒུ་རིག་གི་ས་དཔྱད་རིག་པའི་ཐོག གཏེར་དངོས་བརྟག་ཐབས་ཀྱི་ཤེས་རིག་མང་བོ་ཞིག་གསར་དུ་བསྣན་ནས། རོམ་རང་ཉིད་ཀྱི་མངའ་སྡེར་གཏོགས་པའི་ས་ཁུལ་མང་བོའི་ཞིག་ནས་གཏེར་རྫས་ཕོན་ཆེན་པོ་བསྔོགས་འདོན་བྱས་འདུག དུས་རབས་དང་བོའི་ནང་རོམ་གྱི་རྩོམ་པ་པོ་སི་ནེ་ཁ་དང་། ཕི་ལེན(Pling the Elder23-79)གཉིས་ཀས་ས་དཔྱད་སྐོར་ཀྱི་བསྟན་བཅོས་མང་བོ་བརྩམས་ཤིང་། ལྷག་པར་ཕི་ལེ་ནེ་མཆོག་གིས་རོམ་གྱི་ས་དཔྱད་རིག་པའི་གཞུང་ལུགས་ཞིབ་རྒྱས་བམ་པོ༣༧གྱི་བདག་ཉིད་ཅན། མཚན་བྱང་དུ༼རང་བྱུང་ཁམས་ཀྱི་ལོ་རྒྱུས༽ཞེས་འབོད་པ་བརྩམས་ཤིང་། མཁས་པ་དེ་ཨི་ཏྲ་ལའི་ལྷོ་བརྒྱུད་ཀྱི་བེ་སི་བིའི་བོ་སི་ཞེས་པའི་མེ་རི་འབར་གས་ཁྲོད་བརྟག་དཔྱད་སྐབས་སྐུ་གྲོངས། ཁོང་གི་ཚ་བུ་ཕི་ལེན་ནེ་ཆུང་ངུའང་། སྙན་པ་ཆེ་བའི་རྩོམ་པ་པོ་ཞིག་ཡིན་འདུག་ཅིང་། དེ་ཉིད་ཀྱིས་མེ་རི་འབར་གས་དངོས་མཐོང་དཔང་བོར་བཞག་སྟེ་ས་དཔྱད་སྐོར་གྱི་རྩོམ་བྲིས་མང་བོ་སྤེལ་བས་གྲགས་ཆེ། 
དུས་རབས་གཉིས་པའི་ནང་རྒུ་རིག་གི་མཁས་པ། སི་ཀྲི་ར་བྷོ་དང་ཕི་ཁྲོ་ལེ་མི་རྣམ་གཉིས་བྱོན་ཞིང་། སི་ཀྲི་ར་བྷོ་མཆོག་གིས་སྔ་ཕེབས་ས་དཔྱད་རིག་པའི་ཁུངས་ཐུབ་ཀྱི་གཞུང་ལུགས་ལ་གཞི་བཅོལ་ནས། ཞལ་བྱང་དུ༼ས་དཔྱད་རིག་པ༽ཞེས་འབོད་པ། བམ་པོ༡༧གྱི་བདག་ཉིད་ཅན་ཞིག་བརྩམས་པ་དང་། དེ་བཞིན་ཕི་ཁྲོ་ལེ་མི་མཆོག་གིས༼ས་དཔྱད་རིག་པའི་རྒྱུས་སྟོན༽ཞེས་འབོད་པ། བམ་པོ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་བརྩམས་འདུག་ཅིང་། གཞུང་དེར་ས་དཔྱད་རིག་པའི་རྣམ་བཞག་ཞིབ་རྒྱས་དང་། ས་བཀྲ་བྲི་ཐབས། སའི་གོ་ལའི་གཞུང་ཐིག(longitude)དང་འཕྲེད་ཐིག(latitude)གདབ་སྟངས། གོ་ལ་ཆ་གཉིས་སུ་བགོས་ནས་དབུས་ཀྱི་རྟོག་བཏགས་ཀྱི་ཐིག(equator)འཕེན་ཚུལ་སོགས་གསར་གཏོད་བྱས་པས། ཁོང་འཛམ་གླིང་གི་ས་ཁམས་རིག་པའི་ལོ་རྒྱུས་ཐོག སྙན་གྲགས་ཆེ་ཤོས་ཀྱི་མི་སྣར་ཆགས་པ་རེད། སྤྱི་ལོའི་དུས་རབས་ལྔ་བའི་ནང་གནའ་བོའི་སྟོབས་ཆེན་གྱི་རྒྱལ་ཁབ་རོམ་འཐོར་ཞིག་སོང་ཞིང་། རྒུ་རིག་དང་རོམ་རང་ཉིད་ཀྱི་ཤེས་རིག་ཕལ་ཆེར་ཞིག་ཀྱང་ཉམས་རྒུད་དུ་སོང་སྟེ། ཡོན་ཚད་མཐོན་པོར་སླེབས་པའི་མཁས་པ་ཚུད་པས། ཡོ་རོབ་ཕལ་ཆེར་སླར་ཡང་གདོད་མའི་ས་གཞི་ལེབ་ལེབ་ཀྱི་འཇིག་རྟེན་ནང་ཕྱིར་ལོག་བྱས་པས། ཡོ་རོབ་ཀྱི་ལོ་རྒྱུས་ནང་༼དུས་རབས་བར་མ་དང་དང་ཚན་རིག་བསྐྱར་དར༽གྱི་མགོ་ཚུགས།

དེའང་ཡི་ཤིའི་ཆོས་ལུགས་སྙིང་མའི་ནང་། དཀོན་མཆོག་གིས་ཉིན་གྲངས་དྲུག་གི་ནང་འཇིག་རྟེན་བཞེངས་སྐྲུན་བྱས་པའི་ལོ་རྒྱུས་བྱུང་ཡོད། དམ་ཆོས་སྙིང་མ་ལྟར་ན། མུན་པ་ལས་འོད་སྣང་དང་། ཆུ་ལས་ས་གཞི་སོ་སོར་ཕྱེས་རྗེས་རྩི་ཤིང་ནགས་ཚལ་དང་། མི་ལ་སོགས་པའི་སྲོག་ཆགས་རིམ་པས་བཞེངས་སྐྲུན་བྱས་པའི་ལོ་རྒྱུས་དང་གཅིག
མིའི་ཐོག་མ་ཨ་སྒྲམ་དང་ཨིའི་ཧྥོས་གཉིས་ཀྱིས་དཀོན་མཆོག་གི་བཀའ་བཅགས་ཏེ། བསྐྱེད་ཚལ་ལས་ཤིང་ཐོག་ཟོས་སྟབས་དཀོན་མཆོག་གི་ཆད་པས། ནོ་ཧའི་གྲུ་རྫིང་ན་ཡོད་པའི་སྲོག་ཆགས་ལས་གཞན། ཆུས་འཇིག་པ་ཆེན་པོས་གཙང་བཤགས་བྱས་པར་བཤད་པའི་ཚུལ་འདི་གཉིས་ནི། ཡི་ཤིའི་ཆོས་ལུགས་པས་འཇིག་རྟེན་དཀོན་མཆོག་གིས་བཀོད་པར་འདོད་པའི་བསམ་བློའི་གཞི་འཛིན་ས་དེ་ཡིན་ཞིང་།
ཡི་ཤི་དང། ཁ་ཆེ། ལྗོས་བཅས་ཆོས་བརྒྱུད་ཆེ་ཁག་གསུམ་ཀས་བཤད་པ་དེ་ཚད་མར་འདོད་བཞིན་ཡོད། ལྟ་ཚུལ་དེ་ལ་གཞི་བཅོལ་ནས་བྲིས་པའི་གནའ་བོའི་ས་བཀྲ་དག་གི་ནང་། ས་གཞི་ནི་དབྱིབས་གོར་གོར། ངོས་ལེབ་ལེབ། རི་ཆུ་ནགས་ཚལ་གྱིས་གཡོགས་པ། མཐའ་རྒྱ་མཚོས་བསྐོར་བའི་ལུགས་སུ་བྲིས་འདུག་ལ། ས་གཞི་ཆགས་འཇིག་གི་བརྒྱུད་རིམ་ཚང་མ་དེ་ལ་བརྟེན་ནས་འགྲེལ་བཤད་རྒྱག་གིན་འདུག སྐབས་དེར་ཡི་ཤིའི་ཆོས་པ་དག་གིས་གནའ་བོའི་རྒུ་རིག་གི་འཇིག་རྟེན་ཆགས་འཇིག་གི་ཤེས་རིག་ཕལ་ཆེར་མེད་པར་བཟོས་འདུག་ཀྱང་། སྟབས་ལེགས་པ་ཞིག་ལ། ཕི་ཁྲོ་ལེ་མའི་གཞུང་ལུགས་ཀྱིས་གཙོས། རྒུ་རིག་གི་ལྟ་གྲུབ་མང་བོ་ཞིག་སྐབས་དེ་ཤེད་ན་ཨ་རབ་ཀྱི་སྐད་ཡིག་ཐོག་ཕབ་བསྒྱུར་བྱས་འདུག་པ་དང་།
ཨ་རབ་ཀྱི་ཤེས་ལྡན་མི་སྣ་སྐད་གྲགས་ཅན(Avicenna 980-1037)མཆོག་གིས། རྒུ་རིག་གི་ལྟ་ཚུལ་ལ་རང་གི་བསམ་བློས་ཟུར་བརྒྱན་ཏེ། རང་བྱུང་ཚན་རིག་སྐོར་གྱི་དཔེ་ཆ་མང་བོ་བརྩམས་འདུག་ལ། གཞུང་དེ་དག་ཏུ་ཁོང་གིས་བཞུར་ཆུ་དང་རྒྱ་མཚོའི་འགུལ་བསྐྱོད་ཀྱིས། སའི་གོ་ལར་ལྗོངས་བཀོད་ཀྱི་རྣམ་པ་སྣ་ཚོགས་སྐྲུན་བཞིན་ཡོད་པ་དང་། རྗེས་ཤུལ་འགྱུར་རྡོའི་གཏེར་རིགས་ནི་གོ་ལ་ཉིད་ཀྱིས་སྲོག་ལྡན་རིགས་བཟོ་བསྐྲུན་སྐབས། བཟོ་སྐྲུན་ལམ་ལྷོང་མ་བྱུང་བའི་ཤུལ་ལྷག་རིགས་ཡིན་པར་འགྲེལ་བརྗོད་གནང་ཡོད། དུས་རབས་བཅུ་བཞི་བའི་མཇུག་ཙམ་ནས་ཡོ་རོབ་ནང་རིག་རྩལ་བསྐྱར་དར་གནའ་བོའི་སྲོལ་རྒྱུན་རིག་པར་སློབ་སྦྱོང་དང་ཆབས་ཅིག ས་དཔྱད་རིག་པ་གསར་བ་དང་། ཚན་རིག་ལའང་དོ་སྣང་གི་མགོ་ཚུགས། སྤྱི་ལོ༡༣༩༥ལོར་ཕི་ཁྲོ་ལེ་མིའི་སྙན་གྲགས་ཅན་གྱི་བརྩམས་ཆོས༼ས་དཔྱད་རིག་པར་རྒྱུས་སྟོན༽ཞེས་པའི་གཞུང་ལུགས། ཨ་རབ་ཀྱི་སྐད་ཡིག་ནས་ཚུར་ཨིན་ཇིའི་སྐད་ཡིག་ཐོག་བསྒྱུར་ཐུབ་པ་བྱུང་། རིག་རྩལ་བསྐྱར་དར་གྱི་དུས་སྐབས་ནང་། ཡོ་རོབ་ཏུ་སྙན་གྲགས་ཆེ་བའི་མཁས་ཆེན་མང་བོ་ཕེབས་གྲས།
སྒྱུ་རྩལ་བ་གྲགས་ཅན་ལེ་ན་སྒྲོ(Leonardo da Vinci 1452-1519)མཆོག་གིས། ས་ཁམས་ཚན་རིག་གི་སྐོར་ལ་ཐུགས་སྦྱོང་དང་ཉམས་ཞིབ་གཏིང་ཟབ་གནང་ཞིང་། མཁས་ཆེན་དེས་རི་ངོགས་ཆེ་ཆུང་ན་རྙེད་རྒྱུ་ཡོད་པའི་མཚོ་གནས་ཀྱི་རུས་པ་དང་། བྲག་རྡོར་གྱུར་ཟིན་པའི་སྲོག་ཆགས་དག་ནི། ལོ་བར་མང་བོའི་རིང་མཚོ་ཞབས་སུ་གནས་པའི་ཆུ་གནས་སྲོག་ཆགས་རིགས་རྗེས་ཤུལ་འགྱུར་རྡོའི་གཏེར་དུ་གྱུར་པ་ཞིག་ཡིན་ཚུལ་གསལ་བཤད་གནང་། ཡི་ཤིའི་ཆོས་པ་ཚོས་དེ་དག་ནི་ཆོས་གཞུང་ལས་བཤད་པའི་ཆུའི་འཇིག་པས་ས་གཞི་བཀྲུས་པའི་ལྷག་ལུས་རིགས་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། དེ་བཞིན་ཨི་ཏྲ་ལིའི་མཉན་པ་གྲགས་ཅན་ཁིར་སི་ཁྲོ་ཧྥིར་ཁོ་ལིམ་བྷ་སི(Christopher Columbus)མཆོག སྤྱི་ལོ༡༤༩༢ལོར་ནུབ་ཕྱོགས་རྒྱ་མཚོ་ཆེན་མོ་གཟིངས་ཀྱིས་བཅད་ནས། འཛམ་གླིང་གསར་བར་གྲགས་པའི་ཨ་མི་རི་ཁར་སླེབས་ཐུབ་པ་བྱུང་ཞིང་། ཕོར་ཆི་སྒིའི་མཉུལ་ཞིབ་པ(Ferdinand Magellan)
མཆོག སྤྱི་ལོ༡༥༢༢ལོར་མཚོ་གྲུར་བརྟེན་ནས་ས་གཞི་ཧྲིལ་བོར་བསྐོར་བ་རྒྱག་ཐུབ་པ་བྱུང་བས། སའི་གོ་ལ་འདི་ཉིད་ཟླུམ་པོ་ཞིག་ཡིན་པའི་མཐའ་མའི་བདེན་དཔང་ར་སྤྲོད་བྱུང་ཞེས་བཤད་ཅིང་། དེ་ནས་བཟུང་ས་དཔྱད་རིག་པ་གསར་བ་དང་། ས་བཀྲ་ཟླུམ་གཟུགས་སུ་བཟོ་བའི་རྣམ་པ་ཞིག་གང་ཡིན་སར་དར་ཁྱབ་ཀྱི་མགོ་ཚུགས། སྤྱི་ལོ༡༥༣༠ལོར་ཕོ་ལིའི་ཤིའི་གནམ་རིག་པ་གྲགས་ཅན་ཁ་ཕུར་ནེ་ཁ་སི(Copernicus 1473-1543)
མཆོག་གིས། རྒུ་རིག་གི་གནམ་རིག་པ་ཨ་རེ་སི་ཁྲལ་ཆོས་སི(Aristarchus 310-230 bc)མཆོག་གི་ས་ཁམས་ལྟ་ཚུལ་དང་འདྲ་བར། སའི་གོ་ལ་འདི་བཞིན་འཇིག་རྟེན་གྱི་ལྟེ་བ་ཞིག་མ་ཡིན་པར། ཉི་མའི་མཐར་སྐོར་བ་བྱེད་བཞིན་པའི་གོ་ལ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཞིང་། ཉི་མ་ལྟེ་བར་བཞག་པའི་ཉི་ཁྱིམ་གྱི་རྣམ་བཞག་མཛད་སྟབས། ཡི་ཤིའི་དབང་འཛིན་པ་ཚོས་ཁོང་གི་གཞུང་ལུགས་དེ་ཉིད་བཀག་བསྡོམས་བྱས་ཡོད། སྤྱི་ལོ༡༥༤༠ནང་འཇར་མན་གྱི་གཏེར་དངོས་རིག་པའི་མཁས་པ། ལྗོར་སྒུ་ར་སི་ཨེ་སྒུ་རེ་ཁོ་ལ(Georgrus Agricola 1494-1555)བྱོན་ནས། རང་བཞིན་སྐྱེ་ཁམས་ཀྱི་ཚན་རིག་ལ་གཞི་བཅོལ་ནས་གཏེར་ཁ་སྔོག་སྟངས། གཏེར་རྡོ་བཞུ་ཐབས། གཏེར་སྣ་མི་འདྲ་བའི་རང་བཞིན་གྱི་ཁྱད་ཆོས་ལས། གཏེར་རིགས་ཚན་རིག་དང་མཐུན་པར་སྡེ་ཚན་དབྱེ་འབྱེད་བྱས་ཤིང་། གཏེར་རིགས་གསར་བ་མང་བོ་ཞིག་ངོས་འཛིན་མཛད་ནས་མཚན་བྱང་དུ(De natura fossilium)༼གཏེར་དཔྱད་རིག་པའི་རྩ་འཛིན་དཔེ་ཆ༽ཞེས་པའི་གཞུང་ལུགས་བརྩམས་པས། ཁོང་གི་མཚན་ལའང་ཡོངས་གྲགས་གཏེར་དཔྱད་རིག་པའི་ཕ་ཡབ་ཞེས་འབོད་པ་བྱུང་།