སྤྱི་ལོ༡༥༠༠ཡས་མས་ཤིག་ན། ཨིན་ཇིའི་རྒྱལ་མོ་ཨེ་ལི་ཟི་བྷེ་ཐི་དང་པོའི་སྐུ་སྨན། ཨིན་ཇིའི་སྨན་རམས་པ་གྲགས་ཅན་ཝེལ་ཡམ་སྒེལ་བྷིར་གྲི(William Gilbert 1544-1603) མཆོག་གིས། རྡོ་ཁབ་ལེན་གྱིས་ལྕགས་དང་ཁབ་སོགས་འཐེན་སྟངས་ལ་སློབ་སྦྱོང་ཞིབ་འཇུག་བརྒྱུད། ཕྱོགས་སྟོན་འཁོར་ལོའི་མདེའུ་རྩེ་རང་བཞིན་གྱིས་བྱང་ཕྱོགས་སུ་འཁོར་འགྲོ་བ་དང་། སའི་གོ་ལར་ལྷོ་བྱང་གི་སྣེ་གཉིས་ཡོད་པ། དེའང་རྡོ་ཁབ་ལེན་གྱི་རང་བཞིན་ཅན་ཡིན་པའི་འགྲེལ་བཤད་བྱས་པ།
དེང་སང་ཚན་རིག་པ་ཚོས་དེ་ལ་སའི་གོ་ལའི་ཁབ་ལེན་གྱི་ཁྱབ་ར་ཞེས་འབོད་ཅིང་། དེ་ཉིད་བར་སྣང་སྟོང་བའི་དབྱིངས་སུ་བརྐྱངས་ཡོད་པས། ཉི་མའི་འོད་ཟེར་ལས་བྱུང་བའི་ཟེར་དུག་གདུག་ཅན་རིགས་བཀག་འགོག་གིས་ས་གཞི་འདི་སྲུང་སྐྱོབ་བྱེད་བཞིན་ཡོད་པར་གསར་རྟོགས་བྱུང་ཡོད། དེ་དང་ཆབས་ཅིག་འཛམ་གླིང་གི་ས་བཀྲ་གསར་བ་མང་བོ་ཞིག་བྱུང་འདུག་ཅིང་། ས་བཀྲ་དེ་དག་གིས་ཨིན་ཇིའི་མཚན་ཉིད་པ་གྲགས་ཅན་ཧྥི་རན་སིའི་སི་བྷ་ཁོན(Francis Bacon 1561-1626)མཆོག་ལ། ལོ་བར་མང་བོའི་ཡར་སྔོན་དུ་ཨ་རི་དང་ཨ་ཧྥི་རི་ཁའི་རྒྱ་མཚོའི་ངོགས་མཚམས་གཉིས་མཉམ་འབྲེལ་ཡིན་པའི་ཐོག་མའི་བསམ་གཞིག་སྐྱེ་རུ་བཅུགས་ཡོད། འོན་ཀྱང་ལྟ་ཚུལ་དེ་བཞིན་ཁོང་འདས་རྗེས་ཀྱི་ལོ་སུམ་བརྒྱ་ཡས་མས་ཤིག་གི་རྗེས་སུ་མ་གཏོགས་ར་སྤྲོད་བྱུང་མི་འདུག དུས་རབས་བཅུ་བདུན་པའི་ནང་དུའང་སའི་གོ་ལའི་ཆགས་བཀོད་ཀྱི་རྣམ་བཞག་ནི། སྔར་སྲོལ་ཡི་ཤུའི་ཆོས་ལུགས་ཀྱི་སྟངས་འཛིན་ལ་བསྟུན་དགོས་ཤིང་། ཚན་རིག་པ་དང་གནམ་རིག་པ་ཁག་ཅིག་གིས་སྲོལ་རྒྱུན་གྱི་འཇིག་རྟེན་ལྟ་སྟངས་ཐད། གསར་བརྗེ་རང་བཞིན་གྱི་ལྟ་ཚུལ་གསར་བ་དང་། བརྟག་ཐབས་གསར་བ་ཞིག་གི་མགོ་བསླངས་པས། ཡོ་རོབ་ན༼གསལ་སྣང་དུས་རབས༽ཀྱི་མགོ་ཚུགས། ཨི་ཏྲ་ལིའི་གནམ་རིག་པ་གྲགས་ཅན་སྒ་ལི་ལེའོ་སྒ་ལི་ལེ་མཆོག་ཕེབས་ཤིང(Galileo Galilee 1564-1642)

ཁོང་གིས་རང་ཉིད་ཀྱིས་གསར་གཏོད་བྱས་པའི་རྒྱང་ཤེལ་ལ་བརྟེན་ནས། ཉི་ཟླ་གཟའ་སྐར་སོགས་མཁའ་དབྱིངས་ཀྱི་ཆོས་ལ་ཐོག་མར་བརྟག་དཔྱད་ཀྱི་སྣེ་ཁྲིད་ཅིང་། ཁོང་གིས་སའི་གོ་ལ་འདི་ཉི་མའི་ཁྱིམ་རྒྱུད་ཀྱི་གོ་ལ་ཞིག་ཡིན་པ་དང་། དེའང་ཉི་མར་སྐོར་བ་བྱེད་བཞིན་ཡོད་པར་གསལ་བོར་མཐོང་ནས། མཚན་བྱང་དུ༼འཇིག་རྟེན་གྱི་ལྟ་ཚུལ་གཙོ་བོ་གཉིས་ཀྱི་ཐད་བསམ་གཞིག་བྱས་པའི་བགྲོ་གླེང༽ཞེས་པའི་རླབས་ཆེན་གྱི་གཞུང་ལུགས་བརྩམས་ཏེ། ཁ་ཕུར་ནེ་ཁ་སིའི་ཉི་མ་གོ་ལའི་ཁྱིམ་རྒྱུད་ཀྱི་ལྟེ་བར་བཟུང་བའི་ལྟ་ཚུལ་ལ་བདེན་དཔང་ར་སྤྲོད་གནང་སྟབས། ཡི་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབང་འཛིན་པས་ཁོང་གི་གཞུང་ལུགས་དམ་བསྒྲགས་བྱས་ཤིང་། ཡོངས་གྲགས་ཁ་ཕུར་ནེ་ཁ་སིའི་རྒྱབ་སྐྱོར་ལས་ཕྱིར་འཐེན་བྱེད་དགོས་པའི་བཙན་བཀའ་བཏང་མོད། ཁོང་གི་ཕྱི་དོན་འཇིག་རྟེན་གྱི་ལྟ་ཚུལ་ལ་འགྱུར་བ་ཅུང་ཟད་ཀྱང་ཐེབས་མ་མྱོང་བ་མ་ཟད། དངོས་པོ་ལྕི་ཡང་དོ་མི་མཉམ་པ་གཉིས་མཉམ་དུ་ཐང་ལ་ཟགས་སྐབས། དེ་གཉིས་ཀྱི་མྱུར་ཚད་གཅིག་པ་ཡིན་པའི་ཁུངས་འཕེར་བདེན་དཔང་ར་སྤྲོད་བྱས་པས། ཚན་རིག་པ་གྲགས་ཅན་ནོས་ཁྲོན(IsaacNewton)མཆོག་གིས། འཐེན་ཤུགས་དང་དངོས་པོའི་འགུལ་སྐྱོད་ཀྱི་ཆོས་ཉིད་གསར་རྙེད་ཐུབ་པར་མཐུན་འགྱུར་རྒྱ་ཆེ་བྱུང་ཡོད། དེ་དང་ཆབས་ཅིག་ཡི་ཤུའི་ཆོས་བརྒྱུད་འཛིན་མཁན་གྱི་ཚན་རིག་པ་དག་གིས། དམ་ཆོས་ལས་བཤད་པའི་སའི་གོ་ལའི་ཆགས་འཇིག་གི་རྣམ་བཞག་ཚན་རིག་དང་མཐུན་ཐབས་ཀྱི་ཕྱོགས་སུ་འགྲེལ་བརྗོད་བྱེད་མཁན་ཡང་མི་ཉུང་བ་ཞིག་བྱུང་ཞིང་། དེ་དག་ལས་གྲགས་ཆེ་བ་འགའ་ཞིག་ནི་ཨིན་ཇིའི་ཡི་ཤུའི་གཙུག་ལག་ཁང་གི་མི་སྣ། ཐོ་མ་སི་བྷིར་ནེ་གྲི(Thomas Burnet 1635-1715)མཆོག་ཡིན་ལ།
ཁོང་གིས་སའི་གོ་ལའི་དཀྱིལ་སྙིང་ནི་བྱ་སྒོང་ལྟར་ཆུས་གང་ནས་ཡོད་པ་དང་། དམ་ཆོས་ལས་བཤད་པའི་ཆུའི་འཇིག་པ་ཆེན་པོའི་སྐབས། འཇིག་རྟེན་བྱེད་པོས་གོ་ལའི་དཀྱིལ་སྙིང་གི་ཆུ་ཕྱི་ལ་བཏང་སྟེ། རླབས་ཀྱི་གཅུས་སྒྲིམ་གྱི་ཤུགས་ཆེན་པོ་ཕྱོགས་སོ་སོ་ནས་ཕྱི་ལ་མཆེད་པས། རི་བོ་རི་ཕྲན་སོགས་ས་གཞིའི་བཀོད་པ་བཏོད་པ་ཞིག་ཡིན་པར་བཤད་པ་དང་། དེ་བཞིན་ཨ་རེ་ཤིའི་ཡི་ཤུའི་ཆོས་དཔོན་ལྗེམ་སི་ཨ་ཤེར
(James Ussher 1581-1656)མཆོག་གིས། དམ་ཆོས་རྙིང་མའི་ནང་གི་འགྲོ་བ་མིའི་རིགས་དང་། སྐྱེ་ཁམས་བྱུང་ཚུལ་ཡོངས་རྫོགས་ཕྱོགས་བསྒྲིགས་བྱས་པའི་མཐའ་དོན་དུ། ཆུའི་འཇིག་པ་ཆེན་པོ་དེ་སྤྱི་ལོ་སྔོན་གྱི་ལོ༢༣༤༩ལོར་བྱུང་བ་དང་། འཇིག་རྟེན་བྱེད་པོས་འཇིག་རྟེན་འདི་བཞིན་སྤྱི་ལོའི་སྔོན་གྱི་ལོ༤༠༠༤ལོར་བཞེངས་པར་བཤད་ཡོད། ལྟ་ཚུལ་འདི་ལྟར་ན་ས་གཞི་གྲུབ་ནས་ད་དུང་ལོ་དྲུག་སྟོང་ཡས་མས་ཤིག་ལས་སོང་མེད་ཅིང་། ང་ཚོ་འགྲོ་བ་མིའི་རིགས་ཆགས་ནས་ལོ་བཞི་སྟོང་སུམ་བརྒྱ་ཡས་མས་ཤིག་ལས་སོང་མེད། གང་ལྟར་ཀྱང་སྐབས་དེ་ཤེས་ཤིག་ན་ཤེས་ཡོན་ཅན་མང་བོ་ཞིག་གིས་ཡི་ཤུའི་ཆོས་ལུགས་ཀྱི་འཇིག་རྟེན་ཆགས་འཇིག་སྐོར་ལ་དྲི་སྐོར་རྩད་ཞིབ་བྱས་ཡོད། དབྱིན་ཇིའི་ཚན་རིག་པ་རོ་བྷིར་གྲི་ཧོས་ཁེ
(Robert Hooke 1635-1703)མཆོག་གིས། ས་གཞི་སྐྱེ་འཕེལ་གྱི་བརྒྱུད་རིམ་ཆེན་པོ་བདུན་བཏོན་ཡོད་ཅིང་། ཁོང་ལྟར་ན་སའི་གོ་ལའི་ཕྱི་ངོས་ཀྱི་བཀོད་པ་ཆུ་ལོག་གཅིག་པུས་བཟོ་སྐྲུན་བྱས་པ་ཞིག་མ་ཡིན་པར། མཐའ་མེད་པའི་རང་བྱུང་གཡོ་འགུལ་གྱི་འཁོར་སྐྱོད་ཅིག་ལས་བྱུང་བར་བཤད་ཡོད། ལྟ་ཚུལ་འདི་ལ་དེང་སང་རྒྱུན་འཁོར་བྲག་རྡོ ?
(Rock Cycle)ཞེས་འབོད་པར་སྣང་ཞིང་། ལྟ་ཚུལ་འདི་ལྟར་ན། གཅིག རླུང་དང་། ཚ་དྲོད། ཆར་ཆུ་སོགས་གནམ་གཤིས་ཀྱི་འགྱུར་ལྡོག་ལས། ས་གཞིའི་ཕྱི་ངོས་ཀྱི་རྡོ་རིགས་ཀྱི་རྣམ་པ་བསྒྱུར་ཅིང་ཆ་སོ་སོར་འཐོར་བ། གཉིས། རྒྱུག་ཆུ་ཆེ་ཆུང་གི་ཤུགས་ལ་བརྟེན་ནས་འཐོར་བ་རྣམས་རྒྱ་མཚོའི་ནང་གསོག་འཇོག་བྱས་པ། གསུམ། གསོག་ཕུང་ཅི་ཙམ་ཆེ་བ་དེ་ཙམ་གྱིས་རྩིག་པ་ཆེ་ནས་ཆེ་རུ་སོང་བས། ལྗིད་ཤུགས་ཀྱིས་ཚགས་ཇེ་དམ་དུ་ཕྱིན་ནས་སླར་ཡང་བྲག་རྡོ་རྣམ་པ་མི་འདྲ་བར་བསྐྲུན་པ། བཞི། དེ་ལས་ཁ་ཤས་ཤིག་སའི་དཀྱིལ་སྙིང་ནས་ཚ་དྲོད་ཆེན་པོ་དང་འཕྲད་པས་ཞུ་བ། ལྔ། ཁ་ཤས་ཤིག་ཞུན་ཐིག་ལྟ་བུའི་རྡོའམ་རྡོ་ཞུན་གྱི་རྣམ་པར་གྱུར་པ། དྲུག དེ་ཚ་ཤུགས་ཤིན་ཏུ་ཆེ་བའི་ཚ་རླུང་གིས་གྱེན་དུ་དེད་པ། བདུན། དེ་ལ་བརྟེན་ནས་བྲག་རྩིག་གསར་བ་མུ་མཐུད་བཟོ་བ་བཅས་ནི། སྐུ་ཞབས་རོ་བྷིར་གྲི་མཆོག་གི༼རྒྱུན་འཁོར་བྲག་རྡོ༽རྣམ་བཞག་ཡིན་པར་གྲགས། གལ་སྲིད་ཁོང་གི་ལྟ་ཚུལ་དེ་བདེན་པའི་དབང་དུ་བཏང་ན། སའི་གོ་ལའི་ཕྱི་ཤུན་གྱི་རྡོ་དབྱིབས་གྲུབ་པ་ལ་དུས་ཡུན་ཧ་ཅང་རིང་བོ་ཞིག་བརྒྱུད་དགོས་པས། ཡི་ཤུའི་ཆོས་ལུགས་ཀྱི་ལོ་སྟོང་ཕྲག་ཁ་ཤས་ཀྱི་ནང་གྲུབ་པར་བཤད་པ་དང་འགངས་ནས་ཐོ་མི་ཐུག་པ་ཞིག་རེད། ཧྥ་རན་སིའི་སྐྱེ་དངོས་ཚན་རིག་པ་ལྗོར་ལྗེ་ལོ་ཡེ་སི(George Louis Leclerc 1707-1788)
མཆོག་གིས། ལྕགས་གོང་རིལ་བུ་ཞིག་ཁ་དོག་དཀར་བོར་མ་འགྱུར་བར་དུ་མེས་བསྲེགས་ཅིང་། དེ་ནས་དུས་བརྟག་སྟེ་ལྕགས་གོང་ཚ་བོ་དེིའི་དྲོད་ཤུགས་རིམ་པས་ཉམས་ནས་རྒྱུན་ལྡན་དུ་མ་གྱུར་བར་དུ་ཚོད་ལྟ་བྱས་ཤིང་། རིགས་པ་དེས་སའི་གོ་ལའི་ཚ་ཤུགས་ཞིབ་རྩིས་བྱས་པར། གོ་ལ་འདི་ཚ་དྲོད་ཆེན་པོ་ཞིག་ནས་ད་ལྟའི་དྲོད་གྲང་གི་ཚད་དུ་སླེབས་པ་ལ། མ་མཐའ་ཡང་མི་ལོ་སྟོང་ཕྲག༧༥འགོར་ཡོད་པར་གསལ་བཤད་བྱས་འདུག མུ་འགོད།